སྐུ་མཁར་མ་རུ།
དྲ་ཚིགས་དོ་དམ་པས།
འབྱུང་ཁུངས། སྤེལ་མཁན། སྤེལ་དུས།2016-10-21

ངོ་སྤྲོད་མདོར་བསྡུས།

      མིང་། ཕ་བོང་ཁའམ་སྐུ་མཁར་མ་རུ། བཞེང་མཁན། ཆོས་རྒྱལ་སྲོང་བཙན་སྒམ་པོ། ལོ་ཚིགས། དུས་རབས་བདུན་པའི་ནང་། ས་གནས། ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད། རྣམ་པ། རྡོ་ཕ་བོང་རི་སྦལ་གྱི་དབྱིབས་ཅན་ཤུན་ཏུ་ཆེ་བ་ཞིག་གི་སྟེང་དུ་ཆགས་ཤིང་། བཟོ་དབྱིབས་ལྷོར་སྒོར་དབྱིབས་བྱང་ངོས་གྲུ་བཞི་བཅས་གནའ་རབས་བོད་ཀྱི་འཛུགས་སྐྲུན་གྱི་དམིགས་གསལ་ཁྱད་ཆོས་དང་ལྡན་ཡོད། དམིགས་གསལ། བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་མཚམས་བཞུགས་གནས་དང་། ཐོན་མིས་བོད་ཡིག་གསར་བཟོ་མཛད་གནས། ཆོས་བསྒྱུར་གནས་དང་བོ། བོད་རྒྱལ་བློན་ཡོངས་ཀྱི་ཡི་གེ་སློབ་འགོ་ཚུགས་པའི་གནས། པུར་རྒྱལ་སྐབས་ཀྱི་དགུ་ཐོག་ཅན་གྱི་ཨར་ལས་འཛུགས་སྐྲུན་ཐོག་མ་དང་ཕོ་བྲང་དང་ལྷ་ཁང་གཉིས་ལྡན་གྱི་ཁྱད་ཆོས་སོགས་ཡོད།




ཕ་བོང་ཁའི་ཕོ་བྲང་།
      གཞན་ཡང་བཙན་པོ་འདི་ལ་སྐུ་མཁར་སྐྱིད་ཤོད་ཉང་བྲན་ཕ་བོང་ཁའི་བྲག་སྟེང་དུ་སོ་ཕག་ཁྲོ་ཆུ་ལ་སྦྱར་ནས་བྱས་པའི་མཁར་དགུ་ཐོག་ཡོད་པ་ཕལ་ཆེར་ཕྱི་ལོ ༦༣༧ ལ་བརྩིགས་པ་ཕྱོགས་བཞིར་ལྕགས་ཐག་གིས་བཏགས་པ་ཞིག་ཡོད་ཚུལ་རྒྱལ་དབང་ལྔ་བའི་རྒྱལ་རབས་སུ་གསལ། དུས་ཕྱིས་ཕ་བོང་ཁའི་ཕོ་བྲང་དེ་ཡིན་ཞེས་བཤད་སྲོལ་འདུག སྐུ་མྱ་ངན་ལས་འདས་པའི་སྐབས་ཕན་ཡུལ་ཟལ་མོའི་སྒང་དུ་འོད་ཟེར་དམ་པའི་ཕོ་བྲང་ཟེར་བར་བཞུགས་འདུག་པ་དང་། སྐུ་མཁར་མ་རུ་ཟེར་བར་ཐུ་མིས་ཡི་གེ་གསར་དུ་རྩོམ་ཚུལ་དང་བཙན་པོ་རང་ཉིད་ནས་ཀྱང་ཡི་གེར་སློབ་སྦྱོང་མཛད་ཚུལ་གསལ་བ་དེ་དམར་བོ་རིའི་ཕོ་བྲང་ལས་གཞན་ཞིག་ཡིན་པར་སེམས། སྐུ་མཁར་གཞན་དག་འགའ་ཤས་ཡོད་ཚོད་ལ་དེང་སྐབས་ཤུལ་དང་ཕྱོགས་ཙམ་ཡང་བཤད་དུ་མེད་པར་གྱུར་འདུག ༼ཡོང་ཁུངས། གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ།༽
 
ཕ་བོང་ཁ་བྱང་ཆུབ་ཤིང་གི་གནས། 
      ཕ་བོང་ཁ། མཚན་གཞན་ལ་སྐུ་མཁར་མ་རུའམ། ཕ་བོང་ཁ་བྱང་ཆུབ་ཤིང་གི་གནས་སོགས་ཞུ། གར་རི་དགོན་དང་ཆུ་བཟང་རི་ཁྲོད་ཀྱི་བར་དུ་དགོན་དེ་མཇལ་རྒྱུ་ཡོད། དགོན་དེ་ནི་ཐོག་མར་ར་ས་གཙུག་ལག་ཁང་བཞེངས་པ་ལ་བགེགས་བར་ཆད་སྣ་ཚོགས་བྱུང་སྟབས་ཆོས་རྒྱལ་ཡབ་ཡུམ་རྣམས་གནས་དེར་ཕེབས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྲུབ་པ་མཛད་པ་ལ་མི་རིང་བར་ནམ་མཁའ་ནས་འཕགས་པའི་ཞལ་གཟིགས་བྱུང་ཏེ་བོད་འདི་ནི་སྲིན་པོ་གན་ཀྱལ་དུ་ཉལ་བ་ལྟ་བུའི་ས་པྲ་ལྡན་པས་དེ་ལྡོག་ཆེད་དུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་བཞེངས་དགོས་པའི་ལུང་བསྟན། རྒྱལ་བོས་ཞིབ་པར་མཇལ་བས་སྤྱན་རས་གཟིགས་རིགས་གསུམ་མགོན་པོ་དང་བཅས་པ་བྲག་ལ་ཐིམ་པ་ད་ལྟའང་མཇལ་རྒྱུ་ཡོད། དེ་རྗེས་ཆོས་རྒྱལ་གྱིས་རིག་པའི་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་བཏང་གནང་བ་འབྱོར་ཉེའི་མཚམས་སུ། ད་ནི་ངོས་ཀྱི་རིག་པའི་བློན་པོ་སླེབས་ལ་ཉེ་བས་དེའི་བཞུགས་གནས་གང་དུ་འདེབས་སམ་དགོངས་ཏེ། ཕོ་བྲང་དམར་བོའི་ཡང་སྟེང་ནས་གཟིགས་པས་གནས་དེ་ཁྱད་པར་ཅན་དུ་གཟིགས་ཏེ་ས་ཡ་ཀིར་ཕ་བོང་རུས་སྦལ་འདྲ་བ་ཞིག་འདུག་པ་དེའི་སྟེང་ངའི་རིག་པའི་བློན་པོའི་ཕོ་བྲང་ཐོབས་ཤིག་ཅེས་བཀའ་གནང་བ་བཞིན་ཕ་བོང་དེ་སྟེང་རྩིག་རྨང་སོ་ཕག་ལ་ཁྲོ་ཆུ་འཁོལ་མ་སྦྱར་ཏེ་ཕོ་བྲང་ཐོག་བརྩེགས་དགུ་ཅན་བཞེངས། ཕྱོགས་བཞིར་ལྕགས་ཐག་གིས་བཏགས་ཏེ་བརྟན་པར་བྱས། དེ་ནས་ཐོན་མིའང་བོད་དུ་ཕེབས། ཕ་བོང་ཁའི་སྐུ་མཁར་མ་རུར་བཞུགས་ཏེ་བཅུ་ཕྲག་རིག་པའི་གནས་རྣམས་རྒྱལ་བོར་གསོལ་བཞིན་ལོ་གསུམ་བཞུགས། རིག་གནས་རྣམས་རྒྱལ་བོས་མཁྱེན་རྗེས་སླར་ཡང་བོད་རང་དང་མཐུན་པའི་བོད་ཡིག་ཅིག་བཟོ་དགོས་པའི་བཀའ་ཕེབས་པ་བཞིན་རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། བོད་ཡིག་སོ་བཞིར་གཏན་ལ་ཕབ་ཞེས་ད་ལྟའི་བོད་ཡིག་འདི་ཉིད་གཏན་ལ་ཕབ། ཡིག་ཕུད་དུ་ད་ལྟ་མཇལ་རྒྱུ་ཡོད་པའི་ཡིག་ཕུད་མ་ཎི་དང་དེ་འབྲེལ་གྱི་སྒྲའི་བསྟན་བཅོས་ཆེན་པོ་བརྒྱད་ཀྱང་བརྩམས་གནང་མཛད་པ་ལ་ཕྱིས་སུ་བསྟན་བཅོས་བརྒྱད་ཀྱི་དང་བོ་སུམ་ཅུ་པ་དང་། དྲུག་པ་རྟགས་ཀྱི་འཇུག་པ་ལས་དེ་བྱིངས་ད་ལྟ་མཇལ་རྒྱུ་མེད། དེ་ལྟར་སྐུ་མཁར་མ་རུ་ཞུ་བའང་རྒྱལ་བློན་རྣམས་གནས་དེར་ཡུན་རིང་བཞུགས་ཏེ་ཕོ་བྲང་མཛད་པས་ཡིན།  དེ་རྗེས་དགེ་བཤེས་པོ་ཏོ་བའི་སློབ་མ་དགེ་བཤེས་བྲག་དཀར་བ་ཞུ་བས་གནས་དེར་དགེ་འདུན་གྱི་སྡེ་བཙུགས་གནང་མཛད་དེ་ཡུན་རིང་བསྐྱངས། དེ་རྗེས་དགེ་བཤེས་ཕ་བོང་ཁ་ཐོག་མར་རྟག་བརྟན་རི་ཁྲོད་དང་། བཀྲ་ཤིས་ཆོས་གླིང་རི་ཁྲོད་དུ་ཡུན་རིང་བཞུགས་པ་དང་། དེ་ནས་ཕ་བོང་ཁར་བཞུགས་ཏེ་ཆོས་འཁོར་རྒྱ་ཆེར་སྤེལ་གནང་བས་གནས་མིང་བླ་མར་ཐོགས་ཏེ་སྐྱབས་རྗེ་ཕ་བོང་ཁ་ཞེས་པ་དེ་ལྟར་བྱུང་། སྔོན་ཆོས་རྒྱལ་དུས་བཞེངས་པའི་ཕོ་བྲང་དགུ་ཐོག་ཅན་མཇལ་རྒྱུ་མེད་ཀྱང་ཕྱིས་སུ་བཞེངས་པའི་ཕ་བོང་ཁའི་ཕོ་བྲང་གསུམ་ཐོག་ལ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་བྱིན་ཅན་གྱིས་གཙོས་རྟེན་དང་བརྟེན་པ་དང་། ཕ་བོང་འོག་ཏུ་ཆོས་རྒྱལ་གྱི་བཞུགས་ཁྲི་དང་། ཆོས་རྒྱལ་ཡབ་ཡུམ་གྱི་སྐུ་བརྙན། རིགས་གསུམ་ལྷ་ཁང་ནང་རིགས་གསུམ་མགོན་པོ་རང་བྱོན་དང་། ཡིག་ཕུད་མ་ཎི། གཞན་ཡང་རྒྱ་བཟའི་ཕོ་བྲང་དང་། བཀའ་གདམས་མཆོད་རྟེན་བརྒྱ་དང་བརྒྱད། ལྷ་བཙུན་བླ་བྲང་སོགས་མཇལ་རྒྱུ་ཡོད། ད་ལྟ་སྔོན་གྱི་རྩིག་པའི་སྟེང་གསར་བཞེངས་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། སྔོན་གྱི་སྤྱན་རས་གཟིགས་ཀྱི་རྡོ་སྐུ་རིན་པོ་ཆེ། རིགས་གསུམ་ལྷ་ཁང་རྒྱ་བསྐྱེད་གནང་བའི་ནང་རིག་གསུམ་མགོན་པོའི་རང་བྱོན། ཡིག་ཕུད་མ་ཎི་དང་། སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ། རིགས་གསུམ་ལྷ་ཁང་གི་འོག་ཏུ་བདེ་མཆོག་གི་སྤྱན་གྱི་རང་བྱོན་སོགས་མཇལ་རྒྱུ་ཡོད། ཡང་དགོན་དེའི་ནུབ་བྱང་ངོས་ཀྱི་རི་ལྡེབས་སུ་གསེར་ཕུག་ཅེས་པའི་ཕུག་པ་ཞིག་ཡོད་པ་དེ་ནས་གཙུག་ལག་ཁང་བཞེངས་སྐབས་གསེར་གཏེར་བཞེས་པ་ཞེས་དང་། ཡང་དགོན་དེའི་ལྟག་ཏུ་ཐེག་ཆེན་ཕུག་ཅེས་རྗེ་ཙོང་ཁ་པས་ཐེག་ཆེན་གསོ་སྦྱོང་ཐོག་མར་བཞེང་ས་དང་། ཡང་དགོན་དེའི་བྱང་ཤར་ངོས་ཀྱི་ལ་ཉག་ཏུ་བཀྲ་ཤིས་ཆོས་གླིང་རི་ཁྲོད་ཅེས་ལྷ་བཟང་ཧན་གྱིས་བཏབ་པ་ཞེས་པའི་རི་ཁྲོད་དེ་ལ་གདུགས་ཡུར་རི་ཁྲོད་ཀྱང་ཟེར། གདུགས་ཡུར་རི་ཁྲོད་ཅེས་པ་ནི། ལྷ་སའི་ཁོར་ཡུག་གི་རི་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བས་ཉང་བྲན་འཕན་དཀར་གྱི་རི་ལ་དབུ་ལ་གདུགས་ཞེས་ཟེར་བས། བཀྲ་ཤིས་ཆོས་གླིང་རི་ཁྲོད་ཆགས་ས་དེར་གདུགས་ཀྱི་ཡུ་བ་འཁེལ་བས་གདུགས་ཡུར་རི་ཁྲོད་ཅེས་པ་དེ་ལྟར་དང་། ཡང་དེ་ནས་ཅུང་འཛེགས་ན་སྟག་པུ་རྡོ་རྗེ་འཆང་དང་། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། སྐྱབས་རྗེ་ཕ་བོང་ཁ་སོགས་བཞུགས་མྱོང་བའི་རྟག་བརྟན་ཨེ་བཟང་ཕུག་ཅེས་པ་མཇལ་རྒྱུ་ཡོད། ཕུག་པ་དེར་བདེ་མཆོག་གི་སྤྱན་གྱི་རང་བྱོན་ཞིག་ཡོད་པ་དང་དེའི་འོག་ནས་བབས་པའི་སྒྲུབ་ཆུ་ནི། ནད་རིགས་ཀུན་ལ་ཕན་ཅིང་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ཞེས་གསུངས། ༼ཡོང་ཁུངས། བོད་སློབ་འབྲིང་དྲ་བ།༽
 
སྐུ་མཁར་མ་རུའི་མིང་གཞན་ལ་ཅི་ཟེར།
      སྐུ་མཁར་མ་རུའི་མིང་གཞན་ལ་ཕ་བོང་ཁ་ཟེར་ཞིང་། དེ་ནི་གྲོང་ཁྱེར་ལྷ་སའི་བྱང་ངོས་སུ་སྤྱི་ལེ་བརྒྱད་ཙམ་འདས་པ་ན། དབུ་གདུགས་རིའི་ལྷོ་ངོས་རི་འདབས་སུ་ཡོད་ལ། གནས་ཁྱད་པར་ཅན་དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་མཚམས་བཞུགས་ས་དང་། ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་དང་དམ་ཆོས་བསྒྱུར་སའི་གནས་ཡིན་ལ། རྒྱལ་བོའི་ཕོ་བྲང་ཡིན་ལ་ལྷ་ཁང་ཡང་ཡིན་པ་བཅས་ཀྱི་ཁྱད་ཆོས་བརྗོད་ཀྱིས་མི་ལང་ངོ་། །༼ཡོང་ཁུངས། ཤེས་བྱ་དྲི་བརྒྱ་བ།༽
 
གནས་མཆོག་སྐུ་མཁར་མ་རུ། 
      རུས་སྦལ་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་ཕ་བོང་སྟེང་བཞེངས་པའི་སྐུ་མཁར་མ་རུ། ཕ་བོང་ཁ་ཞེས་པའི་མིང་གཞན་ལ་སྐུ་མཁར་མ་རུ་ཡང་ཟེར། དེ་ནི་ལྷ་ས་གྲོང་ཁྱེར་ཉང་བྲན་ཤང་དུ་གནས་ཡོད། དེ་ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྗེ་སྲོང་བཙན་སྒམ་པོས་ཕ་བོང་རུས་སྦལ་དབྱིབས་ཅན་ཕོ་མོ་གཉིས་ཡོད་པའི་རུས་སྦལ་མོ་གན་རྐྱལ་དུ་བསྡད་པ་ལྟ་བུའི་ཕ་བོང་སྟེང་སྐུ་མཁར་མ་རུ་ཞེས་ཕོ་བྲང་དགུ་བརྩེགས་བཞེངས། ཕོ་བྲང་བཞེངས་དགོས་དོན་ནི་གཅིག་ནས་རྒྱལ་བོ་རང་ཉིད་ཀྱི་སྒྲུབ་པ་མཛད་ཡུལ་དང་། གཉིས་ནས་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་དགོངས་པའི་སྐབས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་བསྐོར་བས། གཙུག་ལག་ཁང་བཞེངས་པའི་འོ་ཐང་མཚོ་དེར་སྲིན་མོའི་སྙིང་ཁྲག་ལྟ་བུ་ཡོད་པས་གེགས་སེལ་ཆེད། ས་བདག་གསེར་གྱི་རུས་སྦལ་དབྱིབས་ཕ་བོང་ཆེན་པོའི་སྟེང་ཕོ་བྲང་བཞེངས་ན་ལེགས་པས་རྩིག་རྨང་དུ་ཁྲོ་ཆུ་བཞུས་ནས་དགུ་བརྩེགས། ཕྱོགས་བཞིར་མི་འགྱུར་བའི་ལྕགས་ཐག་བཞིས་བརྟན་པར་བྱེད་ཅེས་འཁོད་ཡོད། རུས་སྦལ་ཕོ་མོ་གཉིས་ཀྱི་བར་ལ་རྒྱ་བཟའི་སྐུ་མཁར་བཞེངས། ཕ་བོང་ཁའི་དཀར་ཆག་ཏུའང་། རྒྱལ་བོ་སྲོང་བཙན་སྒམ་པོ་ཡབ་ཡུམ་རྣམས་ལོ་གསུམ་སྒྲུབ་པ་མཛད་པར་དམ་བཅས་ནས་བསྒྲུབས་པས། ཞག་གསུམ་ནས་འཕགས་མཆོག་རིགས་གསུམ་མགོན་པོ་ཅིག་ཅར་དུ་ཞལ་གཟིགས། གསུང་གི་འཁོར་ལོ་བསྩལ་བ་ནི་རྒྱལ་བོ་ཁྱོད་ཀྱི་ཡིད་ལ་འདོད་དོན་ཇི་ཉིད་ཡོད་པ་དེ་དག་ཐམས་ཅད་ཁོ་བོ་གསུམ་གྱི་མདུན་དུ་སྨོན་ལམ་གྱིས་དང་ཁོ་བོ་གསུམ་ཞིང་གི་མཐུ་དང་ལྡན་པས་འདོད་དོན་རྣམས་ཡིད་བཞིན་འགྲུབ་པར་འགྱུར་རོ་ཞེས་གསུང་གི་སྣང་བ་བྱིན་པ་བཞིན་དུ་སྨོན་ལམ་ཁྱད་པར་ཅན་བཏབ་པས་ཇི་བཞིན་གྲུབ། ཡི་དམ་གསུམ་པོ་རྡོ་ལ་ཐིམས་ནས་རྡོ་དེར་རང་བྱོན་དུ་ཕེབས། ཕྱིས་ལྷ་བཟོ་བས་གསལ་དུ་བཏང་། ད་ལྟ་རིགས་གསུམ་ལྷ་ཁང་དུ་བཞུགས་པ་དེ་རང་ཡིན། ད་དུང་རྡོ་སྐུ་རང་བྱོན་གྱི་སྤྱན་རས་གཟིགས་དང་བདེ་མཆོག་གི་སྤྱན་འབུར་ཚུགས་སུ་ཡོད་པ། ཚེས་བཅུ་ལྷ་ཁང་གི་ཕུག་པར་གནས་དེའི་སྒོ་སྲུང་ཡིན་ཟེར་བ་ལྷ་མོ་གཙོ་འཁོར་གསུམ་གྱི་རྡོ་སྐུ་རང་བྱོན་དང་། ཐོན་མི་ས་བྷོ་ཊས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་དབུ་ཅན་གྱི་ཡིག་དྲུག་མའི་ཡིག་ཕུད། རུལ་སྦལ་ཕོ་མོ་གཉིས་ཀྱི་ཕ་བོང་སོགས་སྐུ་གསུང་ཐུགས་རྟེན་མང་པོ་འཇལ་རྒྱུ་ཡོད་པ་དང་། གནས་དེར་ལྷ་ས་གཙུག་ལག་ཁང་མ་བཞེངས་སྔོན་གྱི་ལོ་རྒྱུས་ཡོད་པ་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྒྲུབ་པ་མཛད་ཡུལ། བོད་ཀྱི་རྒྱལ་བློན་འབངས་གསུམ་གྱིས་ཐོན་མི་ས་བྷོ་ཊས་རྒྱ་གར་ནས་བསྣམས་ཕེབས་པའི་ཡི་གེ་དང་། སྒྲ་སྦྱོར་སོགས་སྦྱང་པ་གནང་ཡུལ་གྱི་གནས་ཁྱད་པར་ཅན་ཞིག་ཡིན་ནོ། །སྒྲུབ་ཕུག་ནང་རོལ་ཏུ་སྲོང་བཙན་སྒམ་པོ་ལ་སོགས་པའི་ལྷ་སྐུ་བཞུགས་པ།  ཐོན་མིའི་ཡིག་ཕུད། གནས་དེར་ལོ་རྒྱུས་ཀྱི་ལོ་ཟླའི་ནང་དར་རྒུད་སྣ་ཚོགས་བྱུང་ཞིང་། བོད་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་དང་བཙན་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་ཀྱི་སྐབས་དང་བོད་ཡོངས་ལ་སངས་རྒྱས་བསྟན་པ་དར་རྒྱས་ཆེ་ཤོས་ཀྱི་སྐབས་ཡིན་པས་ན། ཕ་བོང་ཁ་ལ་ཡང་རབ་བྱུང་མང་བོ་སྒྲུབ་པ་མཛད་པ་ནས་བཞུགས་གནང་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར་རྒྱས་བྱུང་ཡོད། བོད་རྒྱལ་གླང་དར་མས་བསྟན་པ་བསྣུབས་སྐབས་བོད་སྤྱི་ནས་དགེ་འདུན་མང་བོ་མཐའ་ལ་བསྐྲད། ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས་བཏང་བའི་ལོ་རྒྱུས་ཡོད་པ་རེད། རྗེས་སུ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་དངོས་སློབ་བྲག་དཀར་བ་དང་། ལྷག་པར་དུ་བོད་རབ་བྱུང་བཅུ་བ་ས་ལུག་སྤྱི་ལོ ༡༦༡༩ ལོར་འཁོན་གྱི་བཙུན་པ་ཕ་བོང་ཁ་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་སོགས་རྒྱལ་བའི་བཤེས་གཉེན་རིམ་བྱོན་གྱིས་དར་རྒྱས་སུ་མཛད། དགེ་འདུན་བཞི་བརྒྱ་ཙམ་གྱི་ཆོས་སྡེ་བཙུགས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཕོ་བྲང་གསུམ་ཐོག་དང་། འཁོན་ཏོན་རིན་པོ་ཆེའི་སྐུ་བརྙན་མི་ཚད་བཞེངས། རིག་གནས་གསར་བརྗེའི་ལས་འགུལ་ནང་གཏོར་སྐྱོན་བྱུང་རུང་སྐུ་རྟེན་མང་ཆེ་བ་རྡོ་སྐུ་ཡིན་པས་སྣང་མེད་དུ་བཞུགས། དེང་སྐབས་རིགས་གསུམ་ལྷ་ཁང་སོགས་གསར་བཞེངས་ཀྱིས་གཙོ་བོ་རིགས་གསུམ་མགོན་པོ་རྡོ་སྐུ་རང་བྱོན་དང་། ཐོན་མི་སམ་བྷོ་ཊའི་མ་ཎི་ཡིག་དྲུག་གི་ཡིག་ཕུད་སོགས་བཞུགས། ཕ་བོང་ཁའི་ཤར་ངོས་ཉེ་འགྲམ་དུ་དུར་ཁྲོད་བྱ་གཏོར་བྱེད་སའི་གནས་ཡང་ཡོད། ༼ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།༽


ཕ་བོང་ཁ།
      སྲོང་བཙན་སྒམ་པོས་ལྷ་ལྡན་གཙུག་ལག་ཁང་ཕྱག་མ་བཏབ་གོང་དུ་སྐྱིད་ཆུའི་ཀླུང་ཐང་གི་ནུབ་བྱང་རི་འདབས་སུ་གསར་རྒྱག་བྱས་པའི་སྒྲུབ་གནས་ཤིག ༼ཡོང་ཁུངས། བོད་རྒྱ་ཚིག་མཛོད།༽
 
ཕ་བོང་ཁའམ་སྐུ་མཁར་མ་རུ།
      དེ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཕོ་བྲང་བཞེངས་པ་དང་། དུས་མཚུངས་ཉང་རར་ཕོ་བྲང་གཞན་ཞིག་བཏབ་གནང་ཞིང་དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་བོ༼སྐུ་མཁར་མ་རུ༽ཞེས་པ་དེ་རེད། དེ་ཡང་ཉིན་ཞིག་གི་ཞོགས་པ་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་རྩེ་ཕོ་བྲང་གི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རིའི་འདབས་ཀྱི་ལྗོན་ཤིང་སྔོན་པོའི་ཁྲོད་དུ་དངོས་པོ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དཔོན་བློན་ཐམས་ཅད་ངོ་མཚར་ཆེན་པོ་བྱུང་བ་རེད། ཕྱི་ཉིན་སྲོང་བཙན་གྱིས་བློན་པོ་འགའ་ཞིག་གི་ཕེབས་རོགས་འོག་ཡ་མཚན་པོའི་སྣང་ཚུལ་འཆང་བཞིན་བདེ་མཆོག་རིར་ཕེབས་སྐབས་དངོས་པོ་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་སྲོང་བཙན་དགྱེས་ཚོར་ཆེན་པོ་བྱུང་ནས༼ཨ་ཙི་ངས་རྒྱ་གར་ནས་ཕེབས་གྲབས་ཡོད་པའི་ཐུ་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན་དགོས་སྙམ་བཞིན་ད་ཡག་པོ་བྱུང་། ས་འདི་ནི་ཁ་ཁུ་སིམ་པོ་ཞིག་འདུག་ལ་རྡོ་ཡི་རུས་སྦལ་འདི་ཡང་ངོ་མཚར་ཅན་ཞིག་འདུག་པས་ད་ནི་རྡོ་འདིའི་སྟེང་དུ་ཕོ་བྲང་དེ་བཞེངས་པས་ཆོག༽ཅེས་བཀའ་གནང་བ་རེད། བཙན་པོའི་བཀའ་ཕེབས་མ་ཐག༼སྐུ་མཁར་མ་རུ༽བཞེངས་པའི་ལས་འགོ་ཚུགས་པ་རེད། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་དེ་གའི་ལས་མི་རྡོ་ཤིང་ཚོས་འབད་པ་ཆེར་བསྐྱེད་ཀྱིས་བཙན་པོས་གཏན་འཁེལ་གནང་བའི་ཐིག་ཚད་ཐོག་རྩིག་རྨང་བརྐོས་པ་དང་གྱང་བརྩིགས། དེའི་ཐོག་ཁྲོ་ཆུ་འཁོལ་མ་བླུགས་ནས་རྡོ་དང་རྩིག་པ་ཡུག་གཅིག་ཏུ་སྦྲེལ། དེ་ནས་རིམ་པ་རེ་རེ་བཞིན་རྩིག་པ་བསླངས་ནས་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་ནས་མྱུར་དུ་རྡོ་ནག་ལས་གྲུབ་པའི་རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་པ་རེད། དེ་ནི་མི་རྣམས་ཀྱིས་རྒྱང་ནས་མཐོང་སྐབས་དངོས་འབྲེལ་རུས་སྦལ་གསོན་པོ་ཞིག་གིས་མཆོད་རྟེན་ཆེན་པོ་ཞིག་སྒལ་པར་ཁུར་བ་དང་ཁྱད་མེད་མཐོང་ནས་ཧ་ལས་འགྲོ་གི་ཡོད། ཕོ་བྲང་བཞེངས་ནས་རིང་མིན་ཐུ་མི་སམ་བྷོ་ཊ་མཆོག་ལྷ་སར་ཕྱིར་ལོག་ཏུ་ཕེབས་པ་དང་། སྲོང་བཙན་སྒམ་པོས་ཁོང་ལ་ད་ཁྱེད་རང་ཕེབས་པ་ཡག་བྱུང་། ལམ་སེང༼སྐུ་མཁར་མ་རུར༽ཕེབས་ཤིག་བོད་ཡིག་གསར་དུ་གཏོད་པའི་ལས་འགན་དེ་ཁྱེད་ཀྱིས་བསྣམས་དགོས་པས་ཁྱེད་ཀྱིས་ཁྱེད་ཉིད་གཅིག་པུ་ཡིན་སྙམ་པའི་སྐྱོ་ཤས་གནང་མི་དགོས། ངས་ཡང་ནས་ཡང་དུ་ཁྱེད་ཀྱི་བྱ་གཞག་ལེགས་གྲུབ་ཡོང་བའི་གསོལ་བ་སྨོན་ལམ་འདེབས་ཆོག༽ཅེས་གསུངས་པ་རེད། ཐུ་མིས༼སྐུ་མཁར་མ་རུར༽ལོ་ལྔ་ཧྲིལ་པོ་འབད་འཐབ་གནང་མཐར་ཐུ་བྷོད་རང་ཉིད་ཀྱི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་བར་སྤྲོ་བ་རབ་ཏུ་འཕེལ་བ་དང་། སྲོང་བཙན་ཡང་མཉེས་ཐག་ཆོད་ནས་ཞལ་ངོ་མཐོན་པོར་འདེགས་བཞིན་འཛུམ་གད་བཞད་པ་དང་ཆབས་ཅིག་ཐུ་མིར་བསྔགས་བརྗོད་ཚད་མེད་གནང་བ་དང་། ཐུ་མི་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་གནང་བ་རེད། ལོ་གསུམ་སོང་མཚམས་སྲོང་བཙན་སྒམ་པོས་ཐུ་མིས་བསླབས་པའི་ཡི་གེ་རྣམས་ཁོང་དུ་ཆུད་པ་གནང་རྗེས་བློན་པོ་རྣམས་སྐུ་མཁར་མ་རུའི་ཐང་ཆེན་དུ་བསྐོངས་ནས་ཁོང་ཚོར༼ཐུ་མིས་རང་རེ་བོད་མིའི་ཆེད་དུ་ཡི་གེ་གསར་གཏོད་གནང་བས་ཁོང་གི་མཛད་རྗེས་ནི་རི་རྒྱལ་ལྷུན་པོ་འདྲ། ཡི་གེ་ཡོད་ན་སངས་རྒྱས་བསྟན་པ་ཡུན་གནས་ཡོང་བ་དང་། འཇིག་རྟེན་གྱི་བ་དངོས་གང་ཡང་ཐོ་འགོད་བྱས་ཆོག  ད་ལྟ་ངས་འཛམ་བུ་གླིང་ལ་ཉི་མ་དེ་རིང་ནི་ཐུ་བྷོད་ལ་རང་གི་ཡི་གེ་ཡོད་པའི་ཉིན་དང་བོ་ཡིན་པའི་ཁྱབ་བསྒྲགས་བྱ་རྒྱུ་ཡིན༽ཞེས་གསུངས། དེང་སང་སྐུ་མཁར་མ་རུར་ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་མཐོང་རྒྱུ་མེད་རུང་རྡོ་ནག་གི་རུས་སྦལ་ནི་སྔར་བཞིན་བསྡད་ཡོད་པ་དང་། དེའི་ཐོག་ཏུའང་གྱང་རོ་མཐོང་རྒྱུ་ཡོད་པ་དེ་ཐོག་ནས་ང་ཚོར་སྐུ་མཁར་མ་རུ་ཞེས་པ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་བ་གསལ་བཤད་ཐུབ་པས་མ་ཚད་ནོར་བུ་གླིང་ཁའི་ཕོ་བྲང་གསར་པའི་ལྡེབས་བྲིས་ཐོག་ཏུའང་དེའི་སྐོར་འཁོད་ཡོད་པ་རེད། སྐུ་མཁར་མ་རུའི་ཉེ་འགྲམ་གྱི་རིགས་གསུམ་མགོན་པོ་ལྷ་ཁང་ནང་སྲོང་བཙན་སྒམ་པོས་བོད་ལ་ཡི་གེ་ཡོད་པའི་ཁྱབ་བསྒྲགས་གནང་ཉིན་བྲིས་གནང་བའི་ཕྱག་བྲིས་ཕྱག་བསྟར༼མ་ཎྀ་ཡིག་དྲུག༽གི་ཤུལ་དེའང་ད་ལྟ་བསྡད་ཡོད་པ་སྟེ་རིགས་གསུམ་ལྷ་ཁང་གི་ཉེ་ཁུལ་དུ་གནས་པའི་ཆུ་མིག་དྭངས་ཁྲུམ་ཁྲུམ་ཞིག་ཡོད་པ་དེར་ཆུ་མིག་རང་འདོན་ཞེས་ཟེར་ཞིང་དེ་ནི་སྲོང་བཙན་སྒམ་པོ་ཐོག་མར་འདིར་ཞབས་བཅག་སྐབས་ཁོང་གི་ཞབས་འོག་ནས་རང་བཞིན་ལྷུན་གྱིས་གྲུབ་པ་རེད་ཅེས་བཤད་སྲོལ་ཡོད་པ་དང་། དེ་ནི་ལྷ་སའི་ཆུ་མིག་ཡག་ཤོས་ཀྱི་གྲས་ཤིག་རེད། ཆུ་མིག་དེ་ནས་ཆུ་མིག་གཅིག་གིས་བཏུང་ན་འདང་ཙམ་ཞིག་དང་ཡང་མི་སྟོང་ཕྲག་གཅིག་གིས་བཏུངས་ཀྱང་ཉུང་མ་དྲག་ཙམ་ཡོད་པའི་དམིགས་བསལ་ཁྱད་ཆོས་ལྡན་ཡོད་ལུགས་ཀྱི་ཤོད་སྲོལ་ཡང་ཡོད་པ་ཡིན་ནོ། ། ༼ཡོང་ཁུངས། བོད་ལྗོངས་ཡུལ་སྐོར་སྣེ་ཤན།༽
 
སྐུ་མཁར་མ་རུ།
      ཕ་བོང་ཁ་ཞེས་པའི་མིང་གཞན་ལ་སྐུ་མཁར་མ་རུ་ཡང་ཟེར། དེ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་གི་ཉེ་འགྲམ་ཉང་རའི་ཁུལ་དུ་ཡོད་ཅིང་། དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་རི་བོ་གྲུ་དམར་ཐོག་ཕོ་བྲང་བཞེངས་པ་དང་། དུས་མཚུངས་ཉང་རར་ཕོ་བྲང་གཞན་ཞིག་བཏང་གནང་ཞིང་། དེ་ནི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་ཕ་བོང་ཁའི་ཕོ་བྲང་དམར་བོ༼སྐུ་མཁར་མ་རུ༽ཞེས་པ་དེ་རེད། ཉིན་ཞིག་གི་ཞོགས་པ་སྲོང་བཙན་སྒམ་པོ་དང་བློན་པོ་རྣམས་རྩེ་ཕོ་བྲང་གི་ཡང་སྟེང་དུ་ཕེབས་ནས་ཕྱོགས་བཞིའི་ཡུལ་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གློ་བུར་དུ་བྱང་ངོས་ཀྱི་བདེ་མཆོག་རིའི་འདབས་ཀྱི་ལྗོན་ཤིང་སྔོན་པོའི་ཁྲོད་དུ་དངོས་པོ་ནག་རིལ་ཆེན་པོ་ཞིག་ཡོད་པ་གཟིགས་ནས་དཔོན་བློན་ཐམས་ཅད་ངོ་མཚར་ཆེན་པོ་བྱུང་ཞིང་། སྲོང་བཙན་སྒམ་པོས་ནག་རིལ་དེ་ནི་ཐག་ཞགས་ཁ་ཤས་ཀྱིས་འཇལ་ཐུབ་ཙམ་ཡོད་པའི་རྡོ་ནག་རུས་སྦལ་འདྲ་བ་ཞིག་ཡོད་པས་ཐོན་མི་སམ་བྷོ་ཊ་མཆོག་ལ་ཆེད་མངགས་ཕོ་བྲང་ཞིག་བཞེངས་ནས་བོད་ཡིག་གསར་གཏོད་གནང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན། ཐོག་བརྩེགས་དགུ་ཡོད་པའི་ཕོ་བྲང་ཞིག་མགྱོགས་ནས་མྱུར་དུ་རྡོ་ནག་ལས་གྲུབ་པའི་རུས་སྦལ་གྱི་སྒལ་སྟེང་དུ་འགྱིང་ངེར་བཞེངས་ལ། ཐོན་མི་སམ་བྷོ་ཊས་སྐུ་མཁར་མ་རུར་ལོ་ངོ་ལྔ་ལ་འབད་པ་གནང་མཐར་བོད་རང་གི་ཡི་གེ་གསར་གཏོད་ལེགས་གྲུབ་བྱུང་བ་དང་། སྲོང་བཙན་པོས་ལོ་གསུམ་ལ་ཐུ་མི་མཆོག་རང་གི་སློབ་དཔོན་དུ་བསྟེན་ནས་ཡི་གེ་བསླབས་པར་གྲགས། ཕོ་བྲང་བཞེངས་དགོས་དོན་ནི་གཅིག་ནས་རྒྱལ་བོ་རང་ཉིད་ཀྱི་སྒྲུབ་པ་མཛད་ཡུལ་དང་། གཉིས་ནས་བལ་བཟའ་ཁྲི་བཙུན་གྱིས་ལྷ་སའི་གཙུག་ལག་ཁང་བཞེངས་དགོངས་པའི་སྐབས་རྒྱ་བཟའ་ཀོང་ཇོས་སྤོར་ཐང་རྩིས་བསྐོར་བས། གཙུག་ལག་ཁང་བཞེངས་པའི་འོ་ཐང་མཚོ་དེར་སྲིན་མོའི་སྙིང་ཁྲག་ལྟ་བུ་ཡོད་པས་གེགས་སེལ་ཆེད། ས་བདག་གསེར་གྱི་རུས་སྦལ་དབྱིབས་ཕ་བོང་ཆེན་པོའི་སྟེང་ཕོ་བྲང་བཞེངས་ན་ལེགས་པས་རྩིག་རྨང་དུ་ཁྲོ་ཆུ་བཞུས་ནས་དགུ་བརྩེགས། ཕྱོགས་བཞིར་མི་འགྱུར་བའི་ལྕགས་ཐག་བཞིས་བརྟན་པར་བྱེད་ཅེས་འཁོད་ཡོད། རུས་སྦལ་ཕོ་མོ་གཉིས་ཀྱི་བར་ལ་རྒྱ་བཟའི་སྐུ་མཁར་བཞེངས། ཕ་བོང་ཁའི་དཀར་ཆག་ཏུའང་། རྒྱལ་བོ་སྲོང་བཙན་སྒམ་པོ་ཡབ་ཡུམ་རྣམས་ལོ་གསུམ་སྒྲུབ་པ་མཛད་པར་དམ་བཅས་ནས་བསྒྲུབས་པས། ཞག་གསུམ་ནས་འཕགས་མཆོག་རིགས་གསུམ་མགོན་པོ་ཅིག་ཅར་དུ་ཞལ་གཟིགས། གསུང་གི་འཁོར་ལོ་བསྩལ་བ་ནི་རྒྱལ་བོ་ཁྱོད་ཀྱི་ཡིད་ལ་འདོད་དོན་ཇི་ཉིད་ཡོད་པ་དེ་དག་ཐམས་ཅད་ཁོ་བོ་གསུམ་གྱི་མདུན་དུ་སྨོན་ལམ་གྱིས་དང་ཁོ་བོ་གསུམ་ཞིང་གི་མཐུ་དང་ལྡན་པས་འདོད་དོན་རྣམས་ཡིད་བཞིན་འགྲུབ་པར་འགྱུར་རོ་ཞེས་གསུང་གི་སྣང་བ་བྱིན་པ་བཞིན་དུ་སྨོན་ལམ་ཁྱད་པར་ཅན་བཏབ་པས་ཇི་བཞིན་གྲུབ། ཡི་དམ་གསུམ་པོ་རྡོ་ལ་ཐིམས་ནས་རྡོ་དེར་རང་བྱོན་དུ་ཕེབས། ཕྱིས་ལྷ་བཟོ་བས་གསལ་དུ་བཏང་། ད་ལྟ་རིགས་གསུམ་ལྷ་ཁང་དུ་བཞུགས་པ་དེ་རང་ཡིན། ད་དུང་རྡོ་སྐུ་རང་བྱོན་གྱི་སྤྱན་རས་གཟིགས་དང་བདེ་མཆོག་གི་སྤྱན་འབུར་ཚུགས་སུ་ཡོད་པ། ཚེས་བཅུ་ལྷ་ཁང་གི་ཕུག་པར་གནས་དེའི་སྒོ་སྲུང་ཡིན་ཟེར་བ་ལྷ་མོ་གཙོ་འཁོར་གསུམ་གྱི་རྡོ་སྐུ་རང་བྱོན་དང་། ཐོན་མི་ས་བྷོ་ཊས་རྒྱ་གར་གྱི་ཡི་གེར་དཔེ་བྱས་ཏེ་བོད་ཡིག་དབུ་ཅན་གྱི་ཡིག་དྲུག་མའི་ཡིག་ཕུད། རུལ་སྦལ་ཕོ་མོ་གཉིས་ཀྱི་ཕ་བོང་སོགས་སྐུ་གསུང་ཐུགས་རྟེན་མང་བོ་འཇལ་རྒྱུ་ཡོད་པ་དང་། གནས་དེར་ལྷ་ས་གཙུག་ལག་ཁང་མ་བཞེངས་སྔོན་གྱི་ལོ་རྒྱུས་ཡོད་པ་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྒྲུབ་པ་མཛད་ཡུལ། བོད་ཀྱི་རྒྱལ་བློན་འབངས་གསུམ་གྱིས་ཐོན་མི་ས་བྷོ་ཊས་རྒྱ་གར་ནས་བསྣམས་ཕེབས་པའི་ཡི་གེ་དང་། སྒྲ་སྦྱོར་སོགས་སྦྱང་པ་གནང་ཡུལ་གྱི་གནས་ཁྱད་པར་ཅན་ཞིག་ཡིན། གནས་དེར་ལོ་རྒྱུས་ཀྱི་ལོ་ཟླའི་ནང་དར་རྒུད་སྣ་ཚོགས་བྱུང་ཞིང་། བོད་ཀྱི་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་དང་བཙན་པོ་མངའ་བདག་ཁྲི་རལ་པ་ཅན་སོགས་ཀྱི་སྐབས་དང་བོད་ཡོངས་ལ་སངས་རྒྱས་བསྟན་པ་དར་རྒྱས་ཆེ་ཤོས་ཀྱི་སྐབས་ཡིན་པས་ན། ཕ་བོང་ཁ་ལ་ཡང་རབ་བྱུང་མང་བོ་སྒྲུབ་པ་མཛད་པ་ནས་བཞུགས་གནང་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་གཉིས་ཀ་དར་རྒྱས་བྱུང་ཡོད། བོད་རྒྱལ་གླང་དར་མས་བསྟན་པ་བསྣུབས་སྐབས་བོད་སྤྱི་ནས་དགེ་འདུན་མང་བོ་མཐའ་ལ་བསྐྲད། ཕོ་བྲང་དགུ་བརྩེགས་ཀྱང་མེར་བསྲེགས་བཏང་བའི་ལོ་རྒྱུས་ཡོད་པ་རེད། རྗེས་སུ་བཀའ་གདམས་པའི་དགེ་བཤེས་པོ་ཏོ་བའི་དངོས་སློབ་བྲག་དཀར་བ་དང་། ལྷག་པར་དུ་བོད་རབ་བྱུང་བཅུ་བ་ས་ལུག་སྤྱི་ལོ ༡༦༡༩ ལོར་འཁོན་གྱི་བཙུན་པ་ཕ་བོང་ཁ་ཆེན་པོ་དཔལ་འབྱོར་ལྷུན་གྲུབ་སོགས་རྒྱལ་བའི་བཤེས་གཉེན་རིམ་བྱོན་གྱིས་དར་རྒྱས་སུ་མཛད། དགེ་འདུན་བཞི་བརྒྱ་ཙམ་གྱི་ཆོས་སྡེ་བཙུགས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་གིས་ཕོ་བྲང་གསུམ་ཐོག་དང་། འཁོན་སྟོན་རིན་པོ་ཆེའི་སྐུ་བརྙན་མི་ཚད་བཞེངས། རིག་གནས་གསར་བརྗེའི་ལས་འགུལ་ནང་གཏོར་སྐྱོན་བྱུང་རུང་སྐུ་རྟེན་མང་ཆེ་བ་རྡོ་སྐུ་ཡིན་པས་སྣང་མེད་དུ་བཞུགས། དེང་སྐབས་རིགས་གསུམ་ལྷ་ཁང་སོགས་གསར་བཞེངས་ཀྱིས་གཙོ་བོ་རིགས་གསུམ་མགོན་པོ་རྡོ་སྐུ་རང་བྱོན་དང་། ཐོན་མི་ས་བྷོ་ཊའི་མ་ཎི་ཡིག་དྲུག་གི་ཡིག་ཕུད་སོགས་བཞུགས། ཕ་བོང་ཁའི་ཤར་ངོས་ཉེ་འགྲམ་དུ་དུར་ཁྲོད་བྱ་གཏོར་བྱེད་སའི་གནས་ཀྱང་ཡོད་དོ། །༼ཡོང་ཁུངས། ལྦེ་ཁེ་རིག་མཛོད།༽